བོད་མིའི་རང་དབང་མ་དངུལ།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་ཁྲོད་དུ་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་བོད་མིའི་རང་དབང་མ་དངུལ་ཞེས་པའི་ལས་འཆར་ཞིག་ངོ་སྤྲོད་གནང་ཡོད། ལས་གཞི་དེའི་ཁྲོད་བོད་མིའི་རང་དབང་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མ་སྐུལ་དྭང་བླང་གིས་ཉིན་རེར་རང་ཉིད་གནས་སྡོད་བྱ་སའི་ཡུལ་དེའི་དངུལ་སྒོར་རེ་ཞལ་འདེབས་གནང་རྒྱུ་ཡིན་པ་རེད། ལས་འཆར་འདི་ལག་བསྟར་གནང་ཐབས་སུ་སྐལ་རྡོར་ལགས་ཀྱིས་ཁོང་གི་འོས་བསྡུའི་ལས་འགུལ་གྱི་མ་དངུལ་ལྷག་མ་ཧིན་སྒོར་འབུམ་བདུན་དང་ཕྱེད་ཀ་ ༧༥༠༠༠༠ ཙམ་གནས་སྐབས་བོད་མིའི་རང་དབང་མ་དངུལ་འཛུགས་ཆེད་དུ་ཞལ་འདེབས་ཕུལ་ཡོད།


བོད་མིའི་རང་དབང་མ་དངུལ་གྱི་དམིགས་ཡུལ་གཙོ་བོ་ནི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་གཏོང་རྒྱུ་དང་བོད་དོན་དྲིལ་བསྒྲགས་ཁྱབ་ཆེར་གཏོང་རྒྱུར་དམིགས་པའི་ལས་འགུལ་དང་བྱེད་སྒོ་ཁག་ལ་ཧིན་སྒོར་ཁྲི་ལྔ་མན་གྱི་དཔལ་འབྱོར་གྱི་རྒྱབ་སྐྱོར་སྤྲོད་ཐབས་བྱ་རྒྱུ་དེ་ཡིན། ལས་གཞི་འདིའི་ཁྱབ་ཚད་གཙོ་བོ་རྒྱ་གར་ཡིན་ཞིང་རྒྱབ་སྐྱོར་སུ་ལ་ཞུ་དགོས་མིན་གཙོ་བོ་ལས་གཞི་དོ་དམ་པའི་ངོས་ནས་དགོས་དམིགས་གཙོ་བོར་བཟུང་སྟེ་ཐག་གཅོད་ཞུ་རྒྱུ་དང་། དེ་བཞིན་རྒྱབ་སྐྱོར་དགོས་མཁན་ཚོའི་སྙན་ཞུ་དང་ལེན་ཞུ་ངེས་ཡིན་ཞིང་ཚོགས་སྒེར་གང་རུང་གི་ངོས་ནས་རྒྱབ་སྐྱོར་སུ་ལ་དགོས་མིན་མཚམས་སྦྱོར་ཡང་ཞུ་ཆོག་པ་ཡིན།


སྐལ་རྡོར་ལགས་ཀྱིས་“བོད་མིའི་སྤྱི་ཚོགས་ཡུན་གནས་དང་མཐུན་སྒྲིལ་གྱི་གཞི་རྩ་གཙོ་བོ་ནི་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཆེ་ཆུང་ལ་ཐད་ཀར་རག་ལས་ཡོད་པས་བོད་མིའི་རང་དབང་མ་དངུལ་ཞེས་པའི་ལས་གཞི་འདིས་བོད་དོན་ལས་འགུལ་བ་རྣམས་ལ་བསམ་བློ་ཡར་སྐུལ་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་ཞུས་ནས་བོད་མིའི་རང་དབང་འཐབ་རྩོད་རྒྱུན་གནས་ཐུབ་པར་རམ་འདེགས་ཆེན་པོ་བྱེད་ཐུབ་”ཅེས་གསུངས།


རང་དབང་མ་དངུལ་ནི་བོད་དོན་ཁྱབ་སྤེལ་དང་འབྲེལ་བའི་བྱེད་སྒོ་ཁག་དང་། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་གསར་བསྐྲུན་དང་དངོས་བྱུང་གློག་བརྙན་ཕབ་ལེན་གྱི་བྱ་བའི་རིགས། ནུས་སྟོབས་གོང་སྤེལ་ལ་དམིགས་པའི་བྱེད་སྒོའི་རིགས། རྒྱ་ནག་ལ་ངོ་རྒོལ་སོགས་ཛ་དྲག་གི་ལས་འགུལ། ཚོགས་འདུ་དང་མི་མང་འདུ་སྐོང་སོགས་དཔལ་འབྱོར་གྱི་རྒྱབ་སྐྱོར་དགོས་གལ་ཆེ་བའི་བྱ་བའི་རིགས་ལ་འབུལ་ངེས་ཡིན་པ་རེད།